སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ལྷོ་ཊི་རོལ་གྱི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༡༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཙམ་ལ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཨི་ཊ་ལཱི་བོལ་ཛ་ནོའམ་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་སྐུ་ཞབས་ཨར་ནོ་ཀོམ་པ་ཆར་ (Arno Kompatscher) མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་བོད་དོན་དང་འབྲེལ་བའི་ལས་དོན་སྐོར་བཀའ་མོལ་གནང་ཡོད།
དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་སྲིད་འཛིན་སྐུ་ཞབས་ཨར་ནོ་ཀོམ་པ་ཆར་མཆོག་ཆུ་ཚོད་གཅིག་ཙམ་རིང་མཇལ་འཕྲད་སྐབས། སྐུ་ཚབ་དོན་གཅོད་ནས་སྲིད་འཛིན་མཆོག་ལ་བོད་ནང་གི་གནས་ཚུལ་ངོ་སྤྲོད་དང་སྦྲགས་སྲིད་འཛིན་མཆོག་དང་ལྷོ་ཊི་རོལ་གཞུང་མང་གཉིས་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར་སྲིད་འཛིན་མཆོག་ནས་བོད་དོན་ཐོག་རྒྱུན་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད། དེ་བཞིན་སྐབས་དེར་ལས་དོན་གཞན་ཁག་གཅིག་གི་ཐོག་ལའང་བཀའ་མོལ་ཞིབ་ཕྲ་གནང་ཡོད།
མཇལ་འཕྲད་རིང་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་ལྷན་བཅར་ཞུས་ཡོད་པ་མ་ཟད། འབྲེལ་ཡོད་ལས་དོན་ཐོག་དོན་གཅོད་དང་བཀའ་མོལ་ཞིབ་རྒྱས་གནང་ཡོད།
མཐར་སྲིད་འཛིན་སྐུ་ཞབས་ཨར་ནོ་ཀོམ་པ་ཆར་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུས་གནང་ཡོད། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ལྷན་བཅར་ཞུས་ཡོད། །






