༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ཐད་༸གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་ཞུས་འདུག

1 month ago

༸སྐུའི་གཅུང་པོ་༸སྐྱབས་རྗེ་མངའ་རིས་རིན་པོ་ཆེ་མཆོག་ཉེ་ལམ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་སྟེ། ཁ་སང་བཞུགས་སྒར་དུ་ཞེར་དགུའི་མཆོད་འབུལ་སྨོན་ལམ་འཚོགས་པ་དང་འབྲེལ།  དེ་རིང་མངའ་རིས་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཞུའི་ཐོག  རིན་པོ་ཆེའི་ཡང་སྲིད་མྱུར་བྱོན་ཡོང་ཐབས་སུ་ཞབས་རིམ་ཁག་གང་བསྒྲུབ་དགོས་མིན་དང་།  མ་འོངས་པ་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཀྱི་ཐབས་ལམ་བཅས་ཀྱི་སྐོར་གསོལ་འདེབས་ཞུས་འདུག རྩ་བའི་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ གནམ་སྒང་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ པ་ཙམ་ལ་༸སྐུའི་གཅུང་པོ་༸སྐྱབས་རྗེ་མངའ་རིས་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ཆོས་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་བརྒྱད་བཅུའི་ཐོག་བཞུགས་སྒར་རྡ་རམ་ས་ལའི་གཟིམས་ཤག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཡོད་པ་དང་།  གནས་ཚུལ་དེ་བྱུང་རྗེས་མངའ་རིས་རིན་པོ་ཆེའི་འབྲེལ་ཡོད་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་།  གླིང་མཆོག་སྤྲུལ་རིན་པོ་ཆེ།  ཀུན་བདེ་གླིང་བླ་བྲང་། སྒོ་མང་མཁན་ཟུར་མངའ་རིས་དགེ་བཤེས་བློ་བཟང་རྒྱལ་མཚན།  རྒྱུད་སྟོད་མཁན་ཟུར་མངའ་རིས་དགེ་བཤེས་བློ་བཟང་མཁས་གྲུབ། སྒོ་མང་མངའ་རིས་ཁང་ཚན།  ཟངས་དཀར་ནང་ཚོགས་དང་དགོན་ཚོགས། རང་ལྡུམ་དགོན།  ཕུག་ཐར་དགོན།  ཀླུ་འཁྱིལ་དགོན།  དཀར་ཆ་དགོན།  སྟོང་སྡེ་དགོན།  མུ་ནེ་དགོན།  ལིང་ཤེད་དགོན།  ཟངས་དཀར་རྡོ་རྗེ་རྫོང་བཙུན་དགོན་བཅས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཡང་སྲིད་མྱུར་བྱོན་གྱི་སྨོན་ཚིག་ཅིག་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན།  ཟླ་སྔོན་མའི་ཕྱི་ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་འབྲེལ་སྨོན་ཚིག་གསུང་འཕྲིན་ཞིག་སྩལ་ཡོད་པ་རེད། སྨོན་ཚིག་དེའི་ནང་༸མགོན་པོ་མཆོག་གིས་༸སྐྱབས་རྗེ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་༸སྐུའི་སྤྱན་ལམ་དུ་འཚར་ཤིང་།  བོད་དང་། ལྷག་པར་དུ་རྒྱ་གར་དུ་སྐྱིད་སྡུག་འདྲ་མིན་མཉམ་མྱོང་གནང་ཡོད་པ་དང་།  ༸གང་ཉིད་མཆོག་གིས་ཅི་གསུངས་ལ་རྒྱག་གཅིག་མཆོངས་གཅིག་གནང་མཁན་ཞིག་ཡིན་པ་མ་ཟད།  མངའ་རིས་རིན་པོ་ཆེས་༸གོང་ས་མཆོག་ལ་སྤུན་མཆེད་ཀྱི་འདུ་ཤེས་མིན་པར་བླ་མ་རང་གི་འདུ་ཤེས་བརྟན་པ་སོགས་དམ་གཙང་ལྷད་མེད་ཀྱི་གཤིས་སྤྱོད་ལྡན་པ་ཞིག་ཡིན་པར།  བསྟན་པ་དང་འགྲོ་བའི་དོན་དུ་མངའ་རིས་རིན་པོ་ཆེའི་ཡང་སྲིད་མྱུར་བྱོན་ཡོང་བའི་ཐུགས་སྨོན་བསྐྱོན་ཡོད་པ་རད། དེ་འབྲེལ་དེ་རིང་མངའ་རིས་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་ནས་༸གོང་ས་མཆོག་གི་མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པས་ཚོགས་ཆུང་དེའི་ཚོགས་གཙོ་དགེ་བཤེས་བློ་བཟང་ཡོན་ཏན་ལགས་སུ་བཀའ་འདྲི་ཞུས་ཡོད།

The post ༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ཐད་༸གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་ཞུས་འདུག appeared first on vot.

Original Article