༸སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་ནས་ལོ་ངོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩི།

3 months ago

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཅེན་པོ་དམ་པ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་ནས་ལོ་གཅིག་འཁོར་བ་དང་བསྟུན། ཁ་སང་བཞུགས་སྒར་ཁུལ་དུ་མཆོད་འབུལ་སྨོན་ལམ་དང་། དཔེ་དེབ་དབུ་འབྱེད། དེ་བཞིན་མཁས་པའི་བགྲོ་གླེང་བཅས་ཀྱི་ཐོག་ནས་དུས་དྲན་སྲུང་བརྩི་ཞུས་སོང་། དེ་ཡང་ཁ་སང་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོལ་ཁ་གསུམ་གྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་སོགས་རྡ་རམ་ས་ལར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་གི་གོ་སྒྲིག་འོག བོད་བསྟན་སྲིད་མི་རིགས་ཆེད་བཀྲིན་ཅན་གྱི་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་དང་། གསུངས་ཚོགས་བཅས་ཚོགས་ཡོད་པ་དང་འབྲེལ། སྐབས་དེར་གམ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་རྣམ་པ་དང་། ས་གནས་ཀྱི་མི་མང་སོགས་མཉམ་ཞུགས་གནང་སོང་། དེ་བཞིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་༸སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་གི་རྗེས་དྲན་གོ་སྒྲིག་ཚོགས་ཆུང་ནས། གངས་ཅན་སྐྱིད་གཤོངས་ཀྱི་སྤྱི་ཐབ་ཚོགས་ཁང་དུ། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་པའི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དགའ་ལྡན་ཕོ་བྲང་གི་༸སྐུའི་གསུང་འབུམ་ཞུ་སྒྲིག་པ་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས། དེ་བཞིན་ཁྲིམས་ཞིབ་པ་གཞན་གཉིས། སྐུ་མགྲོན་གཞན་དང་མང་ཚོགས་བཅས་ལྷན་ཞུགས་ཐོག་སྒང་པ་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཆེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་། སྐབས་དེར་བོད་མིའི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ༸སྐུའི་གཅེན་པ་རྒྱལ་ལོ་དོན་གྲུབ་མཆོག་གིས་བོད་ས་མ་ཤོར་བའི་གོང་ར་སྒྲེང་རིན་པོ་ཆེ་དང་། སྟག་བྲག་རིན་པོ་ཆེ་གཉིས་ཀྱི་རྩོད་རྙོག་སྡུག་རུ་མ་འགྲོ་བའི་ཆེད་དུ་ཕྱག་ལས་ཡག་པོ་གནང་ཡོད་པ་མ་ཟད། ཕྱིས་སུ་བཙན་བྱོལ་དུ་བོད་མིའི་སྒྲིག་འཛུགས་གཙོས་པའི་ཕྱི་འབྲེལ་གྱི་ལས་དོན་སོགས་ལ་བྱས་རྗེས་ལྡན་པའི་ཕྱག་ལས་གནང་ཡོད་པ་རེད་ཅེས་སོགས་གསུངས་སོང་། གནད་དོན་དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་སྒང་པ་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཆེན་པ་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཅེས་པའི་དཔེ་དེབ་ཀྱི་རྩོམ་སྒྲིག་འགན་འཁུར་བ་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ད་ལན་གྱི་དཔེ་དེབ་འདི་གཙོ་བོ་༸སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་ནས་ལོ་ངོ་ཧྲིལ་པོ་གཅིག་འཁོར་བའི་རྗེས་དྲན་གྱི་ཆེད་དུ་པར་སྐྲུན་གནང་བ་ཞིག་ཡིན་པ་མ་ཟད། དུས་རྒྱུན་གྱི་དཔེ་དེབ་དང་མི་འདྲ་བར་རྩོམ་པ་པོ་དང་ཉམས་ཞིབ་པ་ཁག་ཅིག་གིས་མཉམ་རུབ་ཐོག་ནས་བརྩམས་པ་ཞིག་རེད་ཅེས་གསུངས་སོང་། དེ་བཞིན་ཉིན་རྒྱབ་ཕྱག་ཚོད་ ༢ པའི་ཐོག་༸སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་དང་འབྲེལ་བའི་མཁས་པའི་བགྲོ་གླེང་ཞིག་བསྐོང་ཚོགས་གནང་སོང་བ་དང་སྦྲགས། སྐབས་དེར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཟླ་བ་ཚེ་རིང་ལགས་གཉིས་གཙོས་པའི་དོན་གཉེར་ཅན་རྣམས་ནས་མཉམ་ཞུགས་གནང་ཡོད་པ་རེད། སྐབས་དེར་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ས་ཤོར་བའི་རྗེས་སུ་རྒྱ་གར་ནང་བོད་ཀྱི་སྐུ་དྲག་དང་འབྱོར་ལྡན་པ་མང་པོ་ཡོད་ཀྱང་། བོད་ཀྱི་ཆེད་དུ་ཡར་རྒྱུགས་མར་རྒྱུགས་གནང་མཁན་ནི་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཁོ་ན་རེད་ཅེས་གསུངས་སོང་། རྩ་བའི་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ ཉིན་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ཀ་ལིམ་པོང་དུ་ཡོད་པའི་རང་ཤག་སྟག་འཚེར་ཁྱིམ་ཚང་དུ་སྐུ་གཤེགས་པ་དང་འབྲེལ། ཁ་ཉིན་ཚེས་ ༧ ཉིན་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་ནས་ལོ་ངོ་ཧྲིལ་པོ་གཅིག་འཁོར་བའི་ཉིན་མོ་དང་བསྟུན། ཉིན་གྲངས་གསུམ་རིང་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་འདུ་ཁང་འོག་དུ་ཡོད་པའི་ཆོས་གྲྭར་༸སྐུ་མདུན་གྱི་མཛད་པ་བརྗོད་པའི་སྐུ་པར་འགྲེམས་སྟོན་ཆེན་མོ་ཞིག་གནང་ཡོད་པ་རེད།

The post ༸སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་ནས་ལོ་ངོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩི། appeared first on vot.

Original Article