ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

3 months ago

རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་མིང་འོག་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་སུ་མི་ལོ་ཉི་ཤུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices་ on June 16 2020 in Hong Kong. (Photo by Anthony WALLACE / AFP)

དེ་རིང་ཕྱི་ཚེས་ ༩ ཉིན་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཁང་གསར་འཛུགས་གནང་མཁན་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ (Jimmy Lai ) ལགས་ཁྲིམས་མཐུན་མ་ཡིན་པའི་འདུ་འཛོམས་ལ་མཉམ་ཞུགས་བྱས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་མིང་འོག་མི་ལོ་ཉི་ཤུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གནད་དོན་དེའི་ཐད་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་རྣམས་དང་གཞུང་སྒེར་མང་པོ་ཞིག་གིས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། དབྱིན་ཡུལ་དུ་གནས་སྡོད་སྐུ་ཞབས་ཇི་མི་ལའེ་ཡི་བུ་སི་བྷེ་སི་ཊན་(Sebastien )ལགས་ཀྱིས། སྐུ་ཞབས་ཇི་མི་ལའེ་ལགས་ཀྱིས་ཧོང་ཀོང་ནང་གི་རང་དབང་སྲུང་སྐྱོབ་ཀྱི་ལས་དོན་ལ་གཞོལ་ནས་ཉེས་ཆད་བཅད་པ་ཞིག་རེད། རང་དབང་དང་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་མང་པོ་ཕུལ་བའི་སྐྱེས་པ་ཞིག་ལ་ཁོ་རང་ཉིད་ཀྱི་རང་དབང་གི་ཆ་ཤས་ཤིག་ཐོབ་འོས་པ་རེད། ཅེས་བརྗོད་འདུག་ལ། ཇི་མི་ལའེ་ལགས་ཀྱིས་དེ་སྔོན་ནེའུ་ཡོག་དུས་བབ་ཀྱི་བཅར་འདྲི་ཞིག་ནང་། གཞུང་གིས་ངའི་བློ་སྟོབས་ལ་དགའ་བོ་བྱེད་ཀྱི་ཡོད་པ་མ་རེད།  ཁོ་ཚོས་ང་རྙོག་དྲ་བཟོ་མཁན་ཞིག་ཏུ་མཐོང་གི་ཡོད། ཅེས་བརྗོད་ཡོད་པ་རེད།

ཕྱི་ལོ་ ༡༩༩༧ ལོར་དབྱིན་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གཞི་རྩའི་ཁྲིམས་ཀྱི་དགོངས་དོན་ལྟར་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སོགས་ཁག་ཐེག་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་གཞུང་གིས་རྒྱ་ནག་སྐམ་ས་དང་མཉམ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཏན་འབེབ་བྱ་རྩིས་བྱས་པ་ལ་བརྟེན་ནས། དམངས་གཙོ་དོན་གཉེར་བས་སྣེ་ཁྲིད་པའི་གཞུང་རྒོལ་གྱི་ལས་འགུལ་ཤུགས་ཆེན་བྱུང་ཡོད་པ་དང་། ལས་འགུལ་ཁྲོད་དྲག་པོའི་དོན་རྐྱེན་ཡང་བྱུང་ཡོད་སྟབས། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བར་དམིགས་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པ་ཞིག་གཏན་འབེབ་བྱས་ཏེ། རྒྱལ་ཁབ་ཁ་བྲལ་དང་མགོ་རྟིང་སློག་པ། གྱེན་ལོག་གིས་མཚོན་པའི་བདེ་སྲུང་ལ་གནོད་པའི་བྱ་སྤྱོད་ཁག་བཀག་འགོག་བྱེད་པར་ཁ་གཡར་ཏེ་ཧོང་ཀོང་གི་ལས་འགུལ་བ་ཚོ་འཛིན་བཟུང་བྱས་པ་དང་། གྲོས་ཚོགས་འཐུས་མི་དམངས་གཙོ་དོན་གཉེར་ཅན་ཕྱིར་ཕུད་བཏང་བ་སོགས་བྱས་ཡོད་པ་རེད། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཏན་འབེབ་བྱེད་སྐབས་ཉུང་མཐར་མི་གྲངས་ ༣༠༠ ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གཙོས་པའི་རང་དབང་གི་གསར་འགོད་པ་དང་རྩོམ་པ་པོ། ལས་འགུལ་བ་མང་པོ་འཛིན་བཟུང་བྱས་པ་དང་། ཁག་ཅིག་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།

ཇི་མི་ལའེ་ནི་ཕྱི་ལོ་ ༡༩༤༧ ལོར་རྒྱ་ནག་ཀང་ཏུང་ཞིང་ཆེན་ཀོང་ཀྲུའུ་གྲོང་ཁྱེར་གྱི་ཚོང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་ཅིང་། ལོ་ ༡༢ སྟེང་གྲུ་གཟིངས་ཤིག་ནང་བསྡད་དེ་ཧོང་ཀོང་དུ་ཕེབས། ཕྱི་ལོ་ ༡༩༨༡ ཨེ་ཤ་ཡ་ཇི་ཨོར་ཌ་ནོ་(Giordano)ཆས་བཟོ་ཚོང་ཁང་གསར་འཛུགས་བྱས་ཏེ། རྒྱལ་ཁབ་ ༣༠ ལྷག་གི་ནང་ཚོང་ཁང་ ༢༤༠༠ དང་ལས་བཟོ་བ་༨༠༠༠ ལྷག་ཡོད་འདུག ཁོང་ནི་དུས་རྒྱུན་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་ཤུགས་ཆེན་གནང་མཁན་ཞིག་དང་། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གསར་འཛུགས་གནང་མཁན། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་མི་སྣ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༢༠ ཟླ་ ༨ པའི་ནང་ཧོང་ཀོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཕྱིའི་རྒྱལ་ཁབ་དང་ངན་འབྲེལ་བྱས་པ་དང་། ཁྲིམས་མཐུན་མ་ཡིན་པའི་འདུ་འཛོམས་ནང་ཞུགས་པ་སོགས་ཀྱི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་པ་རེད།

སྤྱིར་ཀུ་ཤུ་ཉིན་རེའི་གསར་ཁང་ཅེས་པ་དེ་ནི་ཧོང་ཀོང་ནང་གི་དམངས་གཙོ་དོན་གཉེར་བའི་གསར་ཤོག་ཆེ་གྲས་ཤིག་ཡིན་པ་མ་ཟད། དུས་རྒྱུན་རྒྱ་ནག་དང་ཧོང་ཀོང་གི་མགོ་འཁྲིད་རྣམས་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་ཞིག་ཡིན་འདུག  སྐུ་ཞབས་ཇི་མི་ལའེ་ལྟ་བུར་མཚོན་ན། ཕྱི་ལོ་ ༢༠༡༤ ལོའི་ཆར་གདུགས་གསར་བརྗེའི་སྐབས་མངོན་གསལ་དོད་པོས་ལས་འགུལ་ནང་ཞུགས་ཏེ་གཞུང་ལ་ངོ་རྒོལ་གྱི་གཏམ་བཤད་གནང་ཡོད་པ་དང་། ཕྱི་ལོ ༢༠༡༩  ཟླ་ ༦ པའི་ནང་ནས་བཟུང་བྱུང་བའི་ཧོང་ཀོང་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

Original Article