དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འགལ་ཐོག་ཕྱིའི་རྒྱལ་ཁབ་དང་ངན་པ་ལག་འབྲེལ་བྱས་པའི་ཉེས་མིང་བཙུགས་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་འཆར་ཡོད་འདུག
Police lead Hong Kong pro-democracy media mogul Jimmy Lai (C), 72, away from his home after he was arrested under the new national security law in Hong kong on August 10, 2020. Photo by by VERNON YUEN/AFP via Getty Images.
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཧོང་ཀོང་མཐོ་རིམ་ཁྲིམས་ཁང་ཟེར་བས་ད་ལྟ་བཙོན་ཁང་དུ་ཡོད་པའི་ཧོང་ཀོང་གི་ཕྱུག་བདག་དང་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཇི་མི་ལའེ་ལགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་ཕྱི་རྒྱལ་གྱི་སྟོབས་ཤུགས་དང་མཉམ་དུ་ལྐོག་འབྲེལ་བྱས་པའི་ཉེས་པ་གཉིས་དང་།སྤྱི་ཚོགས་འཁྲུག་རྐྱེན་གྱི་དཔེ་དེབ་འགྲེམས་སྤེལ་བྱས་པའི་ཉེས་མིང་གཡོགས་ཡོད་སྟབས། ཧོང་ཀོང་མི་མང་གིས་ཁོང་ཚེ་བཙོན་དུ་འཇུག་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁྲིམས་ར་ཚོགས་པའི་སྐབས་སུ་ཧོང་ཀོང་གི་ཁྲིམས་དཔོན་ཨེ་སི་ཐེར་ཐོ་ཧ་(Esther Toh)་ཡིས། ཇི་མི་ལའེ་ལགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ལོ་མང་རིང་སྡང་སེམས་དང་འཁོན་འཛིན་བཅངས་ཡོད་པ་ཐེ་ཚོམ་མེད་སྐོར་བསྒྲགས་ཡོད་འདུག
གནད་དོན་དེའི་སྐོར་ལ་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་ལ ཇི་མི་ལའི་ལགས་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་ཅེས་བསྒྲགས་ཡོད་པ་དང་། དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཡ་ཝི་ཌི་ཀོ་པེར་ (Yvette Cooper) ལགས་ཀྱིས། ཇི་མི་ལའེ་ལགས་ནི་དབྱིན་ཡུལ་གྱི་མི་སེར་ཞིག་ཡིན། ཁོང་གིས་ཞི་བའི་ཐོག་ནས་རང་དབང་ལོངས་སུ་སྤྱད་པའི་རྐྱེན་གྱིས། རྒྱ་ནག་དང་ཧོང་ཀོང་གཞུང་གིས་དམིགས་འབེན་དུ་བཟུང་ཡོད། འདི་ནི་ཆབ་སྲིད་ཀྱི་ཀུན་སློང་ལས་བྱུང་བའི་ཞུ་གཏུགས་ཤིག་ཡིན་པས། ངས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད། ཅེས་བརྗོད་འདུག
དེ་བཞིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས།སྐུ་ཞབས་ཇི་མི་ལའེ་ལགས་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་འགལ་བའི་ཉེས་མིང་འོག་བཙོན་འཇུག་བྱས་པ་དེས།རྒྱ་ནག་གཞུང་གིས་སྨྲ་བརྗོད་རང་དབང་དང་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་རྣམས་གྲགས་འགུལ་མེད་པ་བཟོས་པ་ཞིག་རེད། ཕྱི་ལོ་ ༡༩༨༤ལོར་རྒྱ་ནག་གཞུང་གིས་དབྱིན་ཡུལ་དང་མཉམ་དུ་ཐོབ་ཐང་དེ་དག་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད། ཐོབ་ཐང་དེ་དག་སྲུང་སྐྱོབ་བྱས་པའི་རྐྱེན་གྱིས་ཉེས་ཆད་ཕོག་མཁན་ནི་སྐུ་ཞབས་ཇི་མི་ལའེ་ལགས་གཅིག་པུ་མིན། ཡིག་ཆ་ཁག་ཏུ་གསལ་བ་ལྟར་ན། སྐུ་ཞབས་ལའེ་ལགས་བཙོན་ཁང་དུ་ཉིན་གྲངས་ ༡༨༠༠ ལྷག་གི་རིང་བསྡད་པའི་རྐྱེན་གྱིས་ཁོང་གི་འཕྲོད་བསྟེན་གྱི་གནས་སྟངས་ཧ་ཅང་སྡུག་ཏུ་ཕྱིན་ཡོད། ང་ཚོས་གནས་ཚུལ་འདི་མགྱོགས་མྱུར་མཇུག་བསྒྲིལ་ཐུབ་པ་དང་།སྐུ་ཞབས་ལའེ་མྱུར་དུ་ཀློད་གྲོལ་གཏོང་བའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་བསྒྲགས་འདུག
ཕྱི་ལོ་ ༡༩༩༧ ལོར་དབྱིན་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གཞི་རྩའི་ཁྲིམས་ཀྱི་དགོངས་དོན་ལྟར་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སོགས་ཁག་ཐེག་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་གཞུང་གིས་རྒྱ་ནག་སྐམ་ས་དང་མཉམ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཏན་འབེབ་བྱ་རྩིས་བྱས་པ་ལ་བརྟེན། དམངས་གཙོ་དོན་གཉེར་བས་སྣེ་ཁྲིད་པའི་གཞུང་རྒོལ་གྱི་ལས་འགུལ་ཤུགས་ཆེན་བྱུང་ཡོད་པ་དང་། ལས་འགུལ་ཁྲོད་དྲག་པོའི་དོན་རྐྱེན་ཡང་བྱུང་ཡོད་སྟབས། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བར་དམིགས་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པ་ཞིག་གཏན་འབེབ་བྱས་ཏེ། རྒྱལ་ཁབ་ཁ་བྲལ་དང་མགོ་རྟིང་སློག་པ། གྱེན་ལོག་གིས་མཚོན་པའི་བདེ་སྲུང་ལ་གནོད་པའི་བྱ་སྤྱོད་ཁག་བཀག་འགོག་བྱེད་པར་ཁ་གཡར་ཏེ་ཧོང་ཀོང་གི་ལས་འགུལ་བ་ཚོ་འཛིན་བཟུང་བྱས་པ་དང་། གྲོས་ཚོགས་འཐུས་མི་དམངས་གཙོ་དོན་གཉེར་ཅན་ཕྱིར་ཕུད་བཏང་བ་སོགས་བྱས་ཡོད་པ་རེད། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཏན་འབེབ་བྱས་ནས་ད་བར་མི་གྲངས་ ༣༠༠ ལྷག་འཛིན་བཟུང་བྱས་ཡོད་པ་མ་ཟད། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གཙོས་པའི་ཧོང་ཀོང་གི་སྒེར་གཉེར་ཚགས་པར་ཁང་སོགས་སྒོ་བརྒྱབ་ཡོད་འདུག
ཇི་མི་ལའེ་ནི་ཕྱི་ལོ་ ༡༩༤༧ ལོར་རྒྱ་ནག་ཀང་ཏུང་ཞིང་ཆེན་ཀོང་ཀྲུའུ་གྲོང་ཁྱེར་གྱི་ཚོང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་ཅིང་། ལོ་ ༡༢ སྟེང་གྲུ་གཟིངས་ཤིག་བསྡད་དེ་ཧོང་ཀོང་དུ་འབྱོར་འདུག ཕྱི་ལོ་ ༡༩༨༡ ཨེ་ཤ་ཡ་ཇི་ཨོར་ཌ་ནོ་(Giordano)ཆས་བཟོ་ཚོང་ཁང་གསར་འཛུགས་བྱས་ཏེ། རྒྱལ་ཁབ་ ༣༠ ལྷག་གི་ནང་ཚོང་ཁང་ ༢༤༠༠ དང་ལས་བཟོ་བ་༨༠༠༠ ལྷག་ཡོད་འདུག ཁོང་ནི་དུས་རྒྱུན་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་འཛུགས་ཤུགས་ཆེན་བྱེད་མཁན་དང་། ཀུ་ཤུ་ཉིན་རེའིི་ཚགས་པར་ཁང་གསར་འཛུགས་བྱེད་མཁན། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་མི་སྣ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༢༠ ཟླ་ ༨ པའི་ནང་ཧོང་ཀོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཕྱིའི་རྒྱལ་ཁབ་དང་ངན་འབྲེལ་བྱས་པ་དང་། ཁྲིམས་མཐུན་མ་ཡིན་པའི་འདུ་འཛོམས་ནང་ཞུགས་པ་སོགས་ཀྱི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་པ་རེད།
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།




