སང་ཉིན་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་མོ་དེ་ནི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པ་དང་། ༸པཎ་ཆེན་རིན་པོ་ཆེ་དེ་སྔ་རྒྱ་ནག་གིས་འཛིན་བཟུང་མ་བྱས་གོང་གི་གནས་ཚུལ་སྐོར་དངོས་སུ་མཐོང་ཐོས་མྱོང་གསུམ་ཡོད་མཁན་༸སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་མཆོག་ཉེ་ལམ་བཞུགས་སྒར་དུ་ཕེབས་པ་དང་བསྟུན། འདི་གའི་གསར་ཁང་གི་བཅར་འདྲིེར་དང་ལེན་ཁྲོད། རྒྱ་ནག་གིས་དེ་སྔ་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱི་གསེར་འབུམ་དཀྲུག་པའི་བྱ་འགུལ་དེ་ཉིད་མང་ཚོགས་ཀྱི་སེམས་བཀུག་ཡག་གི་འཁྲབ་སྟོན་ཙམ་ལས་གཙོ་བོ་དབང་ཆ་འཕྲོག་ཆེད་དུ་ཇུས་ངན་སྤེལ་བ་ཞིག་ཡིན་པ་གསུངས་སོང་། རྩ་བའི་རང་ལོ་ ༣༧ ལ་སོན་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་ཕྱི་ལོ་ ༡༩༩༥ ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བསྐྱངས་ཡོད་པ་དང་། སྐབས་དེ་དུས་རྒྱ་ནག་གིས་དེར་ངོས་ལེན་མེད་ཚུལ་གྱིས་ཇུས་ངན་ཁྲོད་རིན་པོ་ཆེ་མཆོག་དང་ནང་མི་སྐུ་འཁོར་བཅས་པ་འཛིན་བཟུང་གིས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། དུས་དེ་ནས་བཟུང་༸པཎ་ཆེན་རིན་པོ་ཆེའི་འབྲེལ་ཡོད་འབྲེལ་ཆགས་དང་བོད་མིའི་སྒྲིག་འཛུགས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་དུས་ནས་དུས་སུ་ཆུང་སྲིད་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བར་ལས་འགུལ་སྣ་མང་སྤེལ་བའི་ཐོག་སེམས་འཚབ་གསལ་སྟོན་དང་འབྲེལ། རྒྱ་གཞུང་ནས་༸རིན་པོ་ཆེ་མཆོག་གར་ཡོད་ཀྱི་གནས་སྟངས་ཕྱི་གསལ་ནང་གསལ་གྱིས་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་རབ་དང་རིམ་པ་གནང་དང་གནང་མུས་ཡིན་པ་རེད། ཨ་ཀྱཱ་རིན་པོ་ཆེ་མཆོག་ནི་སྐུ་འབུམ་དགོན་པའི་དགོན་བདག་དང་། དེ་སྔ་རྒྱ་ནག་གིས་༸པཎ་ཆེན་ཡང་སྲིད་ངོས་འཛིན་ཁྲོད་རྐང་བཙུགས་ཆེད་འཛུགས་བྱས་པའི་༸པཎ་ཆེན་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་མི་ཁོངས་ནས་གཅིག་ཡིན་པས། འདི་གའི་གསར་ཁང་གི་དམིགས་བསལ་བཅར་འདྲིའི་ནང་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་ད་དུང་། དེ་སྔ་རྒྱ་གཞུང་གིས་གསེར་འབུམ་དཀྲུག་པའི་མཛད་སྒོའི་དེའི་ཐོག་གསེར་འབུམ་ནང་ཡང་སྲིད་ཀྱི་མཚན་ཐོ་འཁོད་པའི་བ་སོ་ཐུར་མ་གསུམ་ཡོད་པ་དེའི་ནང་ནས་གཅིག་དམིགས་སུ་བཀར་ཏེ་རིང་བ་བཞག་ཡོད་པ་དང་། དེ་ནས་སྐབས་དེའི་བོད་རང་སྐྱོང་ལྗོངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་ཇི་ལྟར་རྒྱ་གཞུང་གིས་བཀོད་མངགས་བཞིན་ཁོང་གིས་བ་སོ་ཐུར་མ་རིང་བ་དེ་རང་འདེམས་ཡོད་པ་མངོན་གསལ་གནང་སོང་ལ། མཛད་སྒོ་གྲུབ་རྗེས་ཨ་ཀྱཱ་རིན་པོ་ཆེ་མཆོག་མཁའ་ལམ་བརྒྱུད་པེ་ཅིང་དུ་ཕྱིར་ལོག་སྐབས་འབྲེལ་ཡོད་རྒྱ་གཞུང་གི་དཔོན་རིགས་གཅིག་ནས་གསེར་འབུམ་དཀྲུག་སྐབས་རྒྱལ་མཚན་ནོར་བུའི་མཚན་ཐོ་འཁོད་པའི་བ་སོ་ཐུར་མ་རིང་བ་དེ་རྐང་བཙུགས་དེའི་ནང་བཞག་ཡིན་ཅེས་གསང་བ་བསྒྲགས་ཡོད་སྐོར་གསུངས་སོང་། བཅར་འདྲིའི་ཁྲོད་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་ལྷག་པར་དུ་དངོས་ཡོད་གནས་ཚུལ་ལ་ད་ལྟའི་ཆར་༸རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ བགྲེས་པོ་ཕེབས་ཡོད་སྟབས། ང་ཚོ་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་ཡོངས་ནས་རང་མི་རིགས་ཀྱི་རིག་གཞུང་དང་གོམས་གཤིས་ཇི་ལྟར་སྲུང་སྐྱོབ་གནང་དགོས་མིན་ཐད་ཐུགས་བསམ་ཡག་པོ་བཞེས་དགོས་གལ་གྱི་དུས་ལ་བབས་ཡོད་པ་གསུངས་སོང་བ་མ་ཟད། ནམ་ཞིག་༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་གཉིས་ཡོང་ངེས་ཡིན་པས་གཉན་འཕྲང་གི་དུས་སྐབས་དེར། ང་ཚོར་རེ་བ་ཡོད་པ་དེ་ལྟར་ཡང་། གཙོ་ཆེ་ཤོས་༸མགོན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོ་སྐུ་ལས་བསྐྱོན་པ་དེ་སྲུང་སྐྱོབ་དང་༸གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་ལ་ཤར་སྐྱོད་ཀྱིས་ཕན་ཚུན་མཐུན་སྒྲིལ་གནང་དགོས་གལ་ཡིན་པ་གསུངས་སོང་། ཨ་ཀྱཱ་རིན་པོ་ཆེ་མཆོག་དང་ལྷན་དུ་བཅར་འདྲི་ཞུས་པའི་ལས་རིམ་རྒྱས་པ་ཆ་ཚང་སང་ཉིན་ཕྱི་ཚེས་ ༢༥ ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་གྱི་ཉིན་མོར་འདི་གའི་གསར་ཁང་གི་བརྒྱུད་ལམ་ཁག་ཏུ་རྒྱང་སྲིང་ཞུ་རྒྱུ་ཡིན་པས་དེ་དོན་གསན་གཟིགས་གནང་སྐྱོང་ཡོང་བ་ཞུ།
The post ཨ་ཀྱཱ་རིན་པ་ཆེ་མཆོག་ནས་རྒྱ་ནག་གིས་དེ་སྔ་༸པཎ་ཆེན་ཡང་སྲིད་ངོས་འཛིན་སྐབས་ཇུས་ངན་བཏིང་ཡོད་པ་ཐེར་འདོན། appeared first on vot.





