ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

1 month ago

ཨ་རིའི་རྒྱལ་ཡོངས་མཁའ་འགྲུལ་དང་མཁའ་དབྱིངས་ཞིབ་འཇུག་ཚན་པས་དུས་རབས་ཕྱེད་ཀའི་རྗེས་ནས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་ཐེངས་དང་པོ་བཏང་འདུག

NASA’s Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights

ཁ་སང་ཕྱི་ཚེས་ ༡ ཉིན་ཨ་རིའི་རྒྱལ་ཡོངས་མཁའ་འགྲུལ་དང་མཁའ་དབྱིངས་ཞིབ་འཇུག་ཚན་པས་ (NASA) ཨ་རིའི་ཨར་ཊི་མི་སི་གཉིས་པའི་ (Artemis II) ལས་གཞི་དང་འབྲེལ་ནས། ཨ་རིའི་མངའ་སྡེ་ཧྥོ་ལོ་རི་ཌ་ (Florida) ནས་མཁའ་དབྱིངས་བརྒྱུད་ཟླ་བའི་མཐའ་འཁོར་དུ་མཁའ་འགྲུལ་བ་བཞི་འཕུར་སྐྱོད་བྱས་ཡོད་འདུག་ལ། དེ་ནི་འདས་པའི་ལོ་ངོ་ལྔ་བཅུའི་རྗེས་སུ་ཨ་རིས་རྒྱ་ནག་མཉམ་དུ་འགྲན་བསྡུར་བྱས་ཏེ་མིའི་རིགས་ཟླ་བའི་ཕྱི་ངོས་སུ་བསྐྱོད་ཐེངས་བཞི་བ་ཡིན་འདུག ད་ལན་ཨ་རིའི་ཟླ་བ་གོ་ལ་འཚོལ་ཞིབ་ཀྱི་རུ་ཁག་ཁྲོད། ཨ་རིའི་མཁའ་འགྲུལ་བ་རེ་ཌི་ (Reid Wiseman) ལགས་དང་། ཝིག་ཊོར་ (Victor Glover) ལགས། ཁི་རི་སི་ཊི་ནཱ་ (Christina Koch) ལགས། ཁེ་ན་ཌའི་མཁའ་འགྲུལ་བ་རྗེ་རེ་མི་ (Jeremy Hansen) ལགས་བཅས་ཡོད་འདུག

དེ་འབྲེལ་ཨ་རིའི་རྒྱལ་ཡོངས་མཁའ་འགྲུལ་དང་མཁའ་དབྱིངས་ཞིབ་འཇུག་ཚན་པའི་འཛིན་སྐྱོང་འགན་འཛིན་རྗེ་རེ་ཌི་ (Jared Isaacman) ལགས་ཀྱིས། ད་ལན་གྱི་ཟླ་བའི་ཡང་སྟེང་འཚོལ་ཞིབ་ཀྱི་ལས་དོན་དེ་ནི་མ་འོངས་པའི་ལས་གཞི་སྒོ་འབྱེད་བྱེད་པར་དམིགས་ཡོད་པ་མ་ཟད། དེ་ནི་ཟླ་བའི་ངོས་སུ་འཛུགས་སྐྲུན་གྱི་གཞི་རྩ་ཚུགས་ཐུབ་པར་འབད་བརྩོན་བྱེད་པའི་དམིགས་ཚད་བཟུང་ཡོད། ཅེས་བརྗོད་འདུག

གལ་ཏེ་ད་ལན་གྱི་ལས་དོན་ལ་ལམ་ལྷོངས་བྱུང་ཚེ། མཁའ་འགྲུལ་བ་བཞིས་ཉིན་བཅུའི་རིང་ད་སྔ་བར་མི་བསྐྱོད་མྱོང་མེད་པའི་ཟླ་བའི་མཐའ་འཁོར་དུ་འཕུར་སྐྱོད་ཀྱིས་འཚོལ་ཞིབ་བྱ་རྒྱུ་ཡིན་པ་དང་། དེ་ནི་ཨ་རིའི་རྒྱལ་ཡོངས་མཁའ་འགྲུལ་དང་མཁའ་དབྱིངས་ཞིབ་འཇུག་ཚན་པའི་གྲང་དམག་དུས་སྐབས་ཀྱི་ཟླ་བ་འཚོལ་ཞིབ་ཀྱི་ཨ་པོ་ལོ་ (Apollo) ལས་གཞིའི་ཤུལ་འཛིན་བྱས་པ་ཡིན་ཞིང་། འཛམ་གླིང་ཐོག་ལོ་ངོ་ ༥༣ ནང་ཟླ་བའི་ཉེ་འཁོར་དུ་མཁའ་འགྲུལ་བ་གཏོང་མཁན་ཐོག་མ་དེ་ཡིན་འདུག

ཕྱི་ལོ་ ༢༠༣༠ ལོར་རྒྱ་ནག་གིས་ཟླ་བའི་ལྷོ་སྣེ་རུ་མཁའ་འགྲུལ་བ་འཕུར་སྐྱོད་བྱ་རྒྱུའི་འཆར་གཞི་ཡོད་པ་དེར་འགྲན་རྩོད་ཀྱི་སླད་དུ། ཕྱི་ལོ་ ༢༠༢༨ ལོར་ཨ་རིའི་རྒྱལ་ཡོངས་མཁའ་འགྲུལ་དང་མཁའ་དབྱིངས་ཞིབ་འཇུག་ཚན་པས་ (Artemis IV) ལས་གཞི་དང་འབྲེལ་ནས་ཟླ་བའི་ལྷོ་སྣེ་རུ་མཁའ་འགྲུལ་བ་ཐེངས་དང་པོ་བསྐྱོད་རྒྱུའི་དམིགས་ཡུལ་བཟུང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

Original Article