ཨ་རུ་ན་ཅལ་གྱི་མོན་པའི་སློབ་ཕྲུག་༡༢ བོད་ཀྱི་ཟློས་གར་ཚོགས་པར་སློབ་འཇུག

3 weeks ago

བོད་ཀྱི་ཟློས་གར་ཚོགས་པའི་ངོ་དེབ་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ཨ་རུ་ན་ཅལ་མངའ་སྡེའི་སློབ་ཕྲུག་གྲངས་༡༢ བོད་ཀྱི་ཟློས་གར་ཚོགས་པར་ལོ་དྲུག་རིང་བོད་ཀྱི་ཟློས་གར་རིག་གཞུང་སྐོར་སློབ་གཉེར་བྱ་ཆེད་རིན་མེད་ཐོག་སློབ་འཇུག་བྱས་ཡོད་པའི་གནས་ཚུལ་སྤེལ་འདུགཕྱི་ལོ་༢༠༢༦ ཟླ་༤ ཚེས་༡༣ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་ངོ་དེབ་ཏུ་གནས་ཚུལ་སྤེལ་བའི་ནང། ཨ་རུ་ན་ཅལ་གྱི་སྨན་ཆུ་ཁ་ཞེས་པའི་ས་ཁུལ་གྱི་མི་མང་གི་རིག་གཞུང་དང་ལུགས་སྲོལ། གོམས་གཤིས་སོགས་བོད་ཀྱི་རིག་གཞུང་དང་ཧ་ཅང་ཐག་ཉེ་པོ་ཡོད་པ་དང་། བོད་ཀྱི་ཟློས་གར་ཚོགས་པ་སྨན་ཆུ་ཁའི་སོ་ནམ་ལོ་གསར་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གདན་ཞུ་གནང་བ་ལྟར། ཕྱི་ལོ་༢༠༢༥ ཟླ་༢ པའི་ནང་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་སྣེ་ཁྲིད་འོག་སྒྱུ་རྩལ་བ་ཁག་ཅིག་སྨན་ཆུ་ཁར་སོ་ནམ་ལོ་གསར་གྱི་དུས་སྟོན་དུ་མཉམ་ཞུགས་ཀྱིས་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཞུ་སྐབས། སྨན་ཆུ་ཁའི་གནས་ནང་རིག་གཞུང་ཚོགས་པ་ནས་མོན་པའི་སྤྱི་ཚོགས་ཀྱི་སྐད་ཡིག་དང་ཆོས། རིག་གཞུང་ཡོངས་རྫོགས་ཕ་མེས་ནས་བརྒྱུད་དེ་བོད་དང་འབྲེལ་ལམ་གཏིང་ཟབ་ཡོད་པ་དང་།

པར། བོད་ཀྱི་ཟློས་གར་ཚོགས་པ།

ད་ཆ་མི་རབས་རྒན་པ་རྣམས་རིམ་པས་རྫོགས་ལ་ཉེ་ཞིང་རང་གི་རིག་གཞུང་དང་གོམས་སྲོལ་སོགས་ཉམས་རྒུད་དུ་འགྲོ་ལ་ཉེ་བའི་སྐབས་འདིར། མི་རབས་གཞོན་པ་ཚོས་དོ་སྣང་བྱེད་དགོས་པའི་དུས་སུ་སླེབས་ཡོད་པར་གཞིགས་ཏེ། དེ་གའི་ལས་སྣེ་དང་མི་མང་རྣམས་ཀྱིས་རེ་འདུན་བཞིན་གཞོན་སྐྱེས་རྣམས་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་གཉེར་ཡོང་བའི་ཡིག་ངག་གཉིས་ནས་རེ་འདུན་སྔ་ཕྱི་རིམ་པར་ཞུ་དོན་ལྟར། སྨན་ཆུ་ཁའི་གནས་ནང་རིག་གཞུང་ཚོགས་པའི་དམིགས་ཡུལ་དང་། དེའི་ཁུལ་མོན་པའི་སྤྱི་ཚོགས་ཀྱི་མངོན་འདོད་དང་དོ་བདག་སློབ་ཕྲུག་ཚོའི་འདུན་པ་སོགས་ལ་གཞི་བཅོལ་ནས་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཐེངས་༥༠ སྐབས་སུ་ཞིབ་ཕྲའི་གནད་དོན་སྙན་གསན་དང་བཀའ་བསྡུར་བྱས་ནས་སྨན་ཆུ་ཁའི་མོན་པའི་སྤྱི་ཚོགས་ཀྱི་བུ་༦ དང་བུ་མོ་༦ ཁྱོན་བསྡོམས་༡༢ ལ་བོད་ཀྱི་ཟློས་གར་ཚོགས་པར་རིན་མེད་སློབ་གཉེར་སློབ་འཇུག་ཡོང་བའི་རེ་འདུན་ཞུས་པ་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་ལས་དོན་ཞུ་སྒོའི་དམིགས་ཡུལ་གཞིར་བཟུང་། འདི་ལོ་ཐེངས་དང་པོ་དམིགས་བསལ་དགོངས་བཞེས་ཐོག་ལོ་༦ རིང་སློབ་གཉེར་རྒྱུན་སྐྱོང་བྱ་རྒྱུ་ཁས་ལེན་བྱས་ཡོད་ཅེས་འཁོད་འདུགཕྱི་ཚེས་༡༠ ཉིན་བོད་ཀྱི་ཟློས་གར་ཚོགས་པར་ཁོང་རྣམས་སློབ་འཇུག་གི་མཛད་སྒོ་ཞིག་འཚོགས་འདུག་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་དང་། བོད་ཀྱི་ཟློས་གར་ཚོགས་པའི་དགེ་ལས་རྣམ་པ། སྨན་ཆུ་ཁ་ནས་ཆེད་དུ་མངགས་ནས་ཕེབས་པའི་གནས་ནང་རིག་གཞུང་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ (Sangey Sona) དང་ཚོགས་གཞོན་སྐུ་ཞབས་ (Cheeden Goiba) རྣམ་གཉིས་དང་སློབ་ཕྲུག་བུ་༦ དང་བུ་མོ་༦ ཕ་མ་སྤུན་མཆེད་རྣམས་ཚང་འཛོམས་ཐོག་ཏུ་མཛད་སྒོ་ཞིག་འཚོགས་འདུགཐེངས་འདི་བོད་ཀྱི་ཟློས་གར་ཚོགས་པ་ལ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་སྨན་ཆུ་ཁ་བོད་ཀྱི་ས་འབྲེལ་མོན་པའི་སྤྱི་ཚོགས་ཀྱི་སློབ་ཕྲུག་སློབ་འཇུག་ཐུབ་པ་ནི་བོད་ཀྱི་ཟློས་གར་ཚོགས་པའི་ལོ་རྒྱུས་ནང་ཐོག་མ་དང་གསར་གཏོད་རང་བཞིན་གྱི་ལས་འཆར་གསར་པ་ཞིག་ཆགས་ཡོད་པས། སྨན་ཆུ་ཁའི་གནས་ནང་རིག་གཞུང་ཚོགས་པ་དང་སྤྱི་ཚོགས་ནས་དགའ་སྤོབས་གནང་བ་མ་ཟད། ཨ་རུ་ན་ཅལ་མངའ་སྡེའི་ཤེས་རིག་དང་། གྲོས་ཚོགས་ལས་དོན། གྲོང་གསེབ་ལས་རིགས། ཡུལ་སྐོར་སྤྲོ་འཆམ། མང་ཚོགས་དཔེ་མཛོད་བཅས་ཀྱི་བློན་ཆེན་སྐུ་ཞབས་པ་སངས་རྡོ་རྗེ་སོ་ན་མཆོག་གིས་ཆེ་བསྟོད་ཕྱག་ཡིག(Appreciation letter)ལས་ཤོག་ཐོག་གནང་འབྱོར་བྱུང་ཡོད་པ་དེས་བོད་མི་དང་ཨ་རུ་ན་ཅལ་མངའ་སྡེའི་དབར་མཐུན་འབྲེལ་གོང་སྤེལ་དང་སྲ་བརྟན་ཐུབ་པ་མངོན་གྱི་ཡོད་པ་བརྗོད་འདུག།གསར་འགོད་པ། བསོད་ནམས་ཕུན་ཚོགས།

Original Article