ཨང་སན་སུ་ཀི་གློད་བཀྲོལ་བཏང་ཡང་བཟང་བཙོན་དུ་བཞག་ཡོད་འདུག

1 week ago

འབར་མའི་མང་གཙོ་དོན་གཉེར་བ་ལྕམ་ཨང་སན་སུ་ཀི་ཕྱི་ལོ་༢༠༢༡ ནས་བཙོན་འཇུག་བྱས་ཡོད་པ་དང་། ཉེ་ཆར་ཁོང་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་འདུག་ཀྱང་། བཟང་བཙོན་དུ་བཞག་ཡོད་པའི་གནས་ཚུལ་ཐོན་འདུགཕྱི་ལོ་༢༠༢༦ ཟླ་༤ ཚེས་༡༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ། འབར་མའི་གཞུང་འབྲེལ་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་བཀག་ཉར་འོག་ཡོད་པའི་འབར་མའི་སྲིད་འཛིན་ཟུར་པ་ཨང་སན་སུ་ཀི་བཙོན་ཁང་ནས་རང་ཁྱིམ་དུ་གནས་སྤོ་བྱས་ཡོད་འདུག་ཀྱང་། བཟང་བཙོན་འོག་ཡོད་འདུག ཕྱི་ལོ་༢༠༢༡ ལོར་དམག་མིས་མོ་རང་གི་སྲིད་དབང་འཕྲོག་རྗེས་ལས་གནས་ནས་ཕྱིར་འབུད་བཏང་བ་ནས་བཟུང་། དགུང་ལོ་༨༠ ལ་ཕེབས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨང་སན་སུ་ཀི་ཁོང་འབར་མའི་རྒྱལ་ས་ནེ་པེ་ཏོ་ (Nay Pyi Taw) ཡི་དམག་མིའི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཉེ་ཆར་དམག་མིའི་དབང་འཛིན་པ་མེན་ཨང་ལིང་(Min Aung Hlaing) གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨང་སན་སུ་ཀི་བཙོན་འཇུག་གི་དུས་ཡུན་ལྷག་མ་རྣམས་རང་གི་སྡོད་གནས་སུ་འཁྱོལ་དགོས་པར་བཟོས་ཡོད་ཅེས་བཀོད་ཡོད་འདུག ཨང་སན་སུ་ཀི་ཁོང་དེ་སྔོན་ཡང་ལོ་ངོ་༡༥ ལྷག་ཙམ་རིང་ནང་བཙོན་དུ་བཅུག་ཡོད་ཅིང་།འབར་མའི་གཞུང་འབྲེལ་གསར་ལམ་ཁག་གིས་ཁོང་དམག་ཆས་གྱོན་པའི་མི་གཉིས་དང་མཉམ་དུ་བཞུགས་ཡོད་པའི་པར་ཞིག་སྤྱི་ཚོགས་དྲ་ལམ་ཐོག་བཀྲམ་འདུག་ཀྱང་། མོའི་བུ་ཀིམ་ཨ་རི་སི་ (Kim Aris) ཡིས་བརྗོད་དོན་ལ་གསལ་བསྒྲགས་དེར་དོགས་པ་ཡོད་པ་དང་། མོ་ད་ལྟ་གསོན་པོ་ཡོད་པའི་དཔང་རྟགས་ཀྱང་མེད་པ་དང་། ཁོང་གིས་པར་དེ་ནི་ཕྱི་ལོ་༢༠༢༢ ལོར་བརྒྱབ་པའི་པར་ཞིག་ཡིན་པ་བརྗོད་འདུགཁོང་གིས་བྷི་བྷི་སི་གསར་ཁང་ལ་ང་རང་གིས་དེ་བདེན་པ་ཡིན་པའི་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་མོ་གནས་སྤོ་བྱས་པའི་དངོས་ཡོད་ཀྱི་དཔང་རྟགས་གང་ཡང་མཐོང་མ་སོང་། དེར་བརྟེན། ང་རང་ཁོང་དང་འབྲེལ་བ་བྱེད་དུ་མ་བཅུག་པའམ། ཡང་ན་མི་གཞན་ཞིག་གིས་མོའི་གནས་སྟངས་དང་བཞུགས་གནས་ལ་རང་དབང་གིས་བདེན་དཔང་མ་བྱས་བར་དུ་ངས་གང་ལའང་ཡིད་ཆེས་བྱེད་ཀྱི་མིན་ཞེས་བརྗོད་ཡོད་འདུགད་དུང་གསལ་བསྒྲགས་དེ་མ་བྱས་གོང་དུ། མོའི་འཕྲོད་བསྟེན་དང་འཚོ་བའི་གནས་སྟངས་སྐོར་ལ་བུ་ཡིས་གང་ཡང་ཤེས་ཀྱི་མེད་པ་དང་། ལོ་སྔོན་མ་ཟླ་༡༢ པའི་ནང་བཤད་དོན་ལྟར་ན། ཁོང་རང་གིས་ཨ་མ་དང་འབྲེལ་བ་མ་བྱུང་བར་ལོ་མང་པོ་འདས་ཡོད་པ་བརྗོད་ཡོད་འདུག མོའི་ཁྲིམས་རྩོད་པ་ཚོས་རེ་ཏར་(Reuters) གསར་ཁང་ལ་བཤད་དོན་ལ། མོ་རང་ཟུར་བཙོན་འོག་བཞག་ཡོད་པའི་སྐོར་ཁོང་ཚོ་ལ་ད་བར་གནས་ཚུལ་གང་ཡང་རག་མེད་པ་དང་། ལོ་ལྔ་ལྷག་གི་གོང་དུ་དམག་དཔུང་གིས་ཁོང་གིས་དབུ་ཁྲིད་པའི་མང་གཙོའི་སྲིད་གཞུང་མགོ་རྟིང་བསློགས་ཏེ་མོ་རང་འཛིན་བཟུང་བྱས་པ་ནས་བཟུང་། ཁོང་མཐོང་རྒྱུ་ཧ་ཅང་ཉུང་ཞིང་།གནས་ཚུལ་གང་ཡང་ཐོས་རྒྱུ་མེད་པར་གྱུར་ཡོད། མོའི་ཁྲིམས་རྩོད་པ་ཚོས་མོ་རང་མ་མཐོང་བར་ལོ་གསུམ་ལྷག་དང་། ནང་མི་ཚོས་མོ་དང་འབྲེལ་བ་མ་བྱུང་བར་ལོ་གཉིས་ལྷག་ཕྱིན་ཡོད་པ་བརྗོད་ཡོད་འདུགགཟའ་ཕུར་བུའི་ཉིན་མོའི་པར་མཐོང་བ་དེ་ནི་ཕྱི་ལོ་༢༠༢༡ ལོའི་ཟླ་༥ པའི་ནང་ཁྲིམས་ཁང་དུ་བཅར་བའི་སྐབས་བརྒྱབ་པའི་པར་ཞིག་ཡིན་པ་དང་། དེ་ནི་དམག་མིའི་གཞུང་གིས་བཟོས་པའི་ཁྲིམས་གཏུག་རབས་དང་རིམ་པ་ཞིག་གི་འགོ་འཛུགས་སྐབས་ཡིན་ཅིང་། ཉེས་འཛུགས་དེ་དག་ནི་ཉེས་མེད་ཉེས་འཛུགས་ཡིན་པར་ཡོངས་གྲགས་སུ་ངོས་འཛིན་བྱེད་ཀྱི་ཡོད་འདུགད་དུང་གཞུང་འབྲེལ་གསར་ལམ་ཁག་ཏུ་མོ་རང་གློ་བུར་དུ་མཐོང་རྒྱུ་བྱུང་བ་དེས། དམག་མིའི་དབང་འཛིན་པ་ཚོས་མོའི་གནས་བབས་ལ་འགྱུར་བ་གཏོང་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་པ་དང་། དེ་ནི་མོ་རང་ཆ་ཤས་ཙམ་མམ་ཡང་ན་ཆ་ཚང་གློད་བཀྲོལ་གཏོང་སྲིད་པའི་རྟགས་ཤིག་ཡིན་པར་བརྗོད་ཡོད་འདུགའབར་མའི་སྲིད་དབང་འཕྲོག་མཁན་གྱི་མགོ་ཁྲིད་མེན་ཨང་ལིང་ (Min Aung Hlaing) གིས་རང་གི་སྲིད་གཞུང་རྒྱལ་སྤྱིའི་ཐོག་ཁེར་རྐྱང་དུ་ལུས་ཡོད་པ་དེ་མཇུག་སྒྲིལ་འདོད་ཡོད་ཅིང་། དྲག་པོའི་སྲིད་གཞུང་གིས་ད་ལོའི་ལོ་སྟོད་དུ་འོས་བསྡུ་ཞིག་བྱས་ཏེ་མིང་ཙམ་གྱི་མང་གཙོའི་སྲིད་གཞུང་ལྟ་བུ་ཞིག་བསྐྱར་གསོ་བྱས་ཡོད་ཀྱང་། དོན་དངོས་ཐོག་དྲག་པོའི་མགོ་ཁྲིད་ཚོས་དབང་ཆ་མུ་མཐུད་འཛིན་བཞིན་ཡོད་འདུགགསར་འགོད་པ། བསོད་ནམས་ཕུན་ཚོགས།

Original Article