ཨོ་སི་ཊོ་ལི་ཡར་བོད་མི་བརྩོན་འགྲུས་འོད་ཟེར་ལ་སྙན་ངག་ཨང་དང་པོའི་བྱ་དགའ་ཐོབ་འདུག

1 month ago

ཡེ་ཤུའི་ཆོས་དཔོན་དང་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་(Bill Crews) ཞེས་པ་ཁོང་གིས་ཟླ་བ་ཟླ་ཤས་སྔོན་སྙན་ངག་འགྲན་སྡུར་ཞིག་གོ་སྒྲིག་བྱས་འདུག་པ་དང་། སྐབས་དེ་དུས་ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་མི་བརྩོན་འགྲུས་འོད་ཟེར་རམ་མི་ཉག་ཕོ་རྒོད་ཅེས་པ་ཁོང་ལ་སྙན་ངག་ཨང་དང་པོའི་བྱ་དགའ་ཐོབ་འདུགཕྱི་ལོ་༢༠༢༦ ཟླ་༤ ཚེས་༩ ཉིན་ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་མི་བརྩོན་འགྲུས་འོད་ཟེར་གྱིས་གསུངས་དོན་ལ། ཉེ་ཆར་ཟླ་བ་གཅིག་གཉིས་སྔོན་ལ་ཨོ་སི་ཊོ་ལི་ཡར་གནས་བཞུགས་༧གོང་ས་མཆོག་དང་འདས་པའི་ལོ་ངོ་༤༠ རིང་གྲོགས་པོ་ཡིན་པའི་ཡེ་ཤུའི་ཆོས་དཔོན་(Bill Crews) ཞེས་པ་ཁོང་གིས་གོ་སྒྲིག་འོག་ཨོ་སི་ཊོ་ལི་ཡར་ཡོད་པའི་མི་རིགས་འདྲ་མིན་གྱི་མཐུན་ཚོགས་ཁྲོད་སྙན་ངག་འགྲན་སྡུར་ཞིག་བྱས་ཡོད་པ་དང་། སྙན་ངག་འགྲན་སྡུར་དེའི་ཁྲོད་ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་མི་བརྩོན་འགྲུས་འོད་ཟེར་ལ་སྙན་ངག་རྩེ་ཕུད་ཨང་དང་པོའི་བྱ་དགའ་ཐོབ་ཡོད་འདུག

པར། བརྩོན་འགྲུས་འོད་ཟེར།

དེ་རིང་སྙན་ངག་འགྲན་སྡུར་དེ་གོ་སྒྲིག་བྱེད་མཁན་ཡེ་ཤུའི་ཆོས་དཔོན་ཁོང་གིས་བཞུགས་སྒར་དུ་༧གོང་ས་མཆོག་མཇལ་ཁ་ཞུས་རྗེས་བཅར་འདྲི་ཞུས་པར། ཁོང་གིས་༧གོང་ས་མཆོག་དང་ཁོང་གཉིས་ནི་འདས་པའི་མི་ལོ་༤༠ ཙམ་རིང་ཧ་ཅང་གི་ཐུགས་ཐག་ཉེ་བའི་གྲོགས་པོ་བཟང་པོ་ཞིག་ཡིན་པ་དང་། དེ་རིང་༧གོང་ས་མཆོག་ཡང་བསྐྱར་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ༧གོང་ས་མཆོག་ཁོང་ནི་འཛམ་གླིང་ནང་སྐྱེ་བོ་ཧ་ཅང་གི་རླབས་ཆེན་ཞིག་རེད། ངེད་གཉིས་ལོ་མང་པོའི་སྔོན་དུ་མཇལ་དུས་ངས་ཁོང་ལ་ཁྱེད་ནི་ཡེ་ཤུའི་ཆོས་དཔོན་རླབས་ཆེན་ཞིག་རེད་ཅེས་བརྗོད་དུས་ཁོང་གིས་ང་ལ་ཁྱེད་ནི་ནང་པའི་ཆོས་དཔོན་རླབས་ཆེན་ཞིག་རེད་ཅེས་གསུངས་མྱོང་ཡོད། སྔོན་མ་ངེད་གཉིས་ཕན་ཚུན་ཡང་ཡང་མཇལ་འཛོམས་ཡོང་གི་ཡོད། སྐབས་ཤིག་ལ་༧གོང་ས་མཆོག་ཨོ་སི་ཊོ་ལི་ཡར་ཕེབས་དུས་ངེད་གཉིས་ཀྱིས་སྡོད་ཁང་མེད་པའི་མི་སྐྱོ་པོ་༤༠༠ ཙམ་ལ་རོགས་རམ་བྱས་པ་ཡིན། སྡོད་ཁང་མེད་པའི་མི་སྐྱོ་པོ་ཚོས་ཁོང་ལ་ཧ་ཅང་དགའ་པོ་ཡོད་རེད། རྒྱུ་མཚན་ནི་ཁོང་གིས་ང་ཡང་སྡོད་གནས་མེད་པའི་མི་ཞིག་ཡིན་ཞེས་གསུངས་པར་བརྟེན། ཁོང་ལ་དགའ་མཁན་ཧ་ཅང་མང་པོ་རེད་ཅེས་བརྗོད།དེ་བཞིན་ཁོང་ལ་ཉེ་ཆར་སྙན་ངག་འགྲན་བསྡུར་སྐོར་དྲིས་པས་ཁོང་གིས་གསུངས་དོན་ལ། ཁོང་ལ་(Bill Crews)ཞེས་པའི་ཐེབས་རྩ་ཞིག་ཡོད་པ་དང་། ཐེབས་རྩའི་འོག་ནས་སྲིད་དབང་གཅིག་སྡུད་རིང་ལུགས་ཀྱི་དབང་འོག་ཏུ་དཀའ་ངལ་མྱོང་བཞིན་པའི་མི་རིགས་འདྲ་མིན་དང་ཆོས་ལུགས་འདྲ་མིན། རིག་གཞུང་འདྲ་མིན་གྱི་ཁུངས་ནས་ཡིན་པའི་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་མཐུན་ཚོགས་ཁག་ལ་སྙན་ངག་འགྲན་སྡུར་ཞིག་བྱས་པ་ཡིན། སྐབས་དེ་དུས་མི་རིགས་འདྲ་མིན་དེ་དག་ཁྲོད་ནས་བོད་པ་བརྩོན་འགྲུས་འོད་ཟེར་གྱིས་བྲིས་པའི་སྙན་ངག་ “འགྲོ་བ་མིའི་ཁྱིམ་ཚང་གཅིག་གམ་དབྱིན་ཡིག་ནང་ (One Human Family) ཞེས་པ་དེ་ལ་ཨང་དང་པོ་ཐོབ་པར་ང་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་སོང་།།གསར་འགོད་པ། བསོད་ནམས་ཕུན་ཚོགས།

Original Article